Home > གསལ་བསྒྲགས། > ཁྱབ་བསྒྲགས།

ཁྱབ་བསྒྲགས།

༉    འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་ཡོངས་དང་ ཐིམ་ཕུག་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་འདུའི་འདེམས་ཁོངས་ བྱང་ཐིམ་ཕུག་-ཀ་ཝང་-གླིང་བཞི་-སྲོས་-ན་རོ་གི་ཚོགས་རྒྱན་སྐྱུར་མི་ཚུ་ལུ་ ཞུ་དོན་འདི་ཡང་ གོང་འཁོད་འདེམས་ཁོངས་འདིའི་ སྤྱི་ཚོགས་ཀྱི་འཐུས་མི་གིས་ སྤྱི་ཚེས་༡༡-༨-༢༠༡༦ ལས་འགོ་བཙུགས་ དགོངས་ཞུ་འབད་དེ་ས་སྟོང་འཐོན་ཡོད་པའི་སྐོར་ འབྲུག་གི་སྤྱི་ཚོགས་ཀྱི་མི་རྗེ་ཚོགས་དཔོན་མཆོག་ལས་ སྤྱི་ཚེས་༢༢-༨-༢༠༡༦ ལུ་ ཡིག་ཨང་ ཨེན་ཨེ་བི་/ཨེ་སི་པི་-༡༨/༢༠༡༦/༡༦༣ སྤྱི་ཚེས་༢༢-༨-༢༠༡༦ ཅན་མ་འབྱོར་ཡོད་པའི་བརྡ་དོན་སྤེལཝ་ཨིན།

དེ་དང་འཁྲིལ་ཏེ་ དུས་མིན་བཙག་འཐུའི་བྱ་སྒོ་རིམ་པ་འདི་ ཆོས་སྲིད་གཉིས་ཀྱི་མངའ་དབང་སྒྱུར་བའི་ ༧དཔལ་མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ འབྲུག་རྒྱལ་པོའི་བཀའ་ཐམ་ཕེབས་པའི་ཤུལ་ལུ་ བཙག་འཐུའི་ཁྲིམས་ལུགས་ཀྱི་དགོངས་དོན་དང་འཁྲིལ་ སྤྱི་ཟླ་༡༠ པའི་སྔ་ཆ་ལུ་འགོ་བཙུགས་ཏེ་ བཙག་འཐུ་འདི་ ཆེད་དམིགས་བཀོད་པའི་ཉིན་གྲངས་༩༠ ནང་འཁོད་ མཇུག་བསྡུ་ནི་ཨིན།

བཙག་འཐུའི་ལས་འཆར་འདི་ ཁྲིམས་ལུགས་ཀྱི་དགོངས་དོན་ཚུ་ལུ་གཞིར་བཞག་ཐོག་འབད་དགོཔ་དང་ དུས་མིན་བཙག་འཐུ་འདི་ ད་ལྟོ་འབྲེལ་ཡོད་རྒེད་འོག་བཞི་ནང་ ས་གནས་གཞུང་གི་བཙག་འཐུ་ འགོ་འདྲེན་འཐབ་འཕྲོ་ཡོད་མི་དང་གཅིག་ཁར་ དུས་མཉམ་མེདཔ་ངེས་བདེན་བཟོ་ཐབས་ལུ་ཨིནམ་མ་ཚད་ འདི་དང་གཅིག་ཁར་ གནམ་དགུན་གྱི་སྤྱི་ཚོགས་འཚོགས་རིམ་ནང་ འདེམས་ཁོངས་ཀྱི་ངོ་ཚབ་བཅར་ཞུགས་འབད་དགོཔ་ཡང་ངེས་བདེན་བཟོ་ཚུགས་ནི་དང་ འདེམས་ཁོངས་ཀྱི་ཚོགས་རྒྱན་སྐྱུར་མི་ཚུ་དང་ འདེམས་ངོའི་གདམ་ངོ་བཏོན་མི་ སྤྱི་ཚོགས་ནང་གི་སྲིད་དོན་ཚོགས་པ་ཚུ་ དེ་ལས་ དང་འདོད་ཅན་གྱི་འདེམས་ངོ་ཚུ་གིས་ དུས་མིན་བཙག་འཐུ་འདི་ནང་ གྲལ་གཏོགས་འབད་ནི་ལུ་ བྱ་རིམ་གྱི་གྲ་སྒྲིག་ཚུའི་དུས་ཚོད་བྱིན་ཐབས་ལུ་ཨིན།

རང་ལུགས་གནམ་ལོ་མེ་ཕོ་སྤྲེལ་ལོ་ ཟླ་བདུན་པ་རྗེས་མའི་ཚེས་གཅིག་འམ་ སྤྱི་ལོ་༢༠༡༦ ཟླ་༩ པའི་ཚེས་༢ ལུ་སྤེལ། 

འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།