Home > གནས་ཚུལ་གསར་སྟོན། > གནས་ཚུལ་གསར་སྟོན: ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པའི་གོ་རིམ་གཉིས་པ་ཚུ་གི་ཚོགས་རྒྱན་གྲུབ་འབྲས་གསལ་བསྒྲགས།

གནས་ཚུལ་གསར་སྟོན: ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པའི་གོ་རིམ་གཉིས་པ་ཚུ་གི་ཚོགས་རྒྱན་གྲུབ་འབྲས་གསལ་བསྒྲགས།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཁ་ཙ་སྤྱི་ཚེས་༢༧༢༠༡༦ ལུ་ ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པའི་གོ་རིམ་གཉིས་པ་གི་ཚོགས་རྒྱན་འདི་ མཐར་འཁྱོལ་ཅན་སྦེ་འགོ་འདྲེན་འཐབ་པའི་བརྡ་དོན་ཚུ་ འབྲུག་མི་ཡོངས་ལུ་ དགའ་སྤྲོ་དང་བཅས་པའི་ཐོག་ལས་སྤེལཝ་ཨིན།

གོ་གནས་དང་འདེམས་ངོ་ཡོངས་བསྡོམས། 

གོ་རིམ་འདི་གི་ནང་ལུ་ ས་གནས་གཞུང་གི་དོན་ལས་ བཙག་འཐུ་ལས་གྲུབ་དགོ་པའི་གོ་གནས་ རྒེད་འོག་༢༠༥ ནང་ རྒཔོ་ དམངས་མི་ དེ་ལས་ རྒེད་འོག་ཚོགས་པ་ཚུ་དང་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེའི་དོན་ལུ་ ཁྲོམ་དཔོན་དང་ཁྲོམ་སྡེ་ཚོགས་པ་ དེ་ལས་ རྫོང་ཁག་ཁྲོམ་སྡེ་༡༦ ནང་གི་ཁྲོམ་སྡེ་ངོ་ཚབ་ཚུ་རྩིས་ཏེ་ གོ་གནས་ཡོངས་བསྡོམས་༡༤༧༧ ཀྱི་དོན་ལུ་ བཙག་འཐུ་འགོ་འདྲེན་འཐབ་ཅི།

གོ་གནས་སྣ་ཁག་གི་དོན་ལུ་ འདེམས་ངོ་བསྡོམས་ ༣,༣༩༡ གིས་ བཙག་འཐུའི་ནང་ དོ་འགྲན་འབདཡི། འདེམས་ངོའི་གདམ་ངོ་ཆ་མེད་བཏང་ཡོད་མི་༣༢ གྱི་ཁ་སྐོང་ལུ་ དོ་འགྲན་འབད་མི་འདེམས་ངོ་༢ གི་ཚེ་སྲོག་ལུ་བར་རྐྱེན་བྱུང་ཡོདཔ་དང་ ༢ ཆ་མེད་བཏང་ཡོདཔ་ དེ་ལས་ ༣ ཁྱད་ཚད་ལས་འགལ་ཡོད་མི་བསྡོམས་༧ འཐོན་ཡོད་པའི་དྲན་གསོ་འབདཝ་ཨིན།

རྫོང་ཁག་༡༧ ནང་གི་ སྤྱི་འོག་༤༡ ནང་ ཚོགས་པའི་གོ་གནས་ཀྱི་དོན་ལས་དང་ མགར་ས་ མོང་སྒར་ པདྨ་དགའ་ཚལ་རྫོང་ཁག་ཚུ་ནང་ ཁྲོམ་སྡེ་ངོ་ཚབ་ཚུ་གི་གོ་གནས་ལུ་ དོ་འགྲན་འབད་ནིའི་གདམ་ངོའི་ཡིག་ཆ་བཙུགས་མི་མ་འཐོན།

ཚོགས་རྒྱན་སྐྱུར་བར་འོང་མི།   

ཁ་ཙ་གི་ཚོགས་རྒྱན་ཉིནམོ་དེ་ཁར་ ཚོགས་རྒྱན་བཙུགས་པར་འཐོན་ཡོད་མི་འདི་ གཤམ་གསལ་ལྟར་དུ་ཨིན་མི་ཚུ་ཡང་

. ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ཡོངས་བསྡོམས་= ༤༠༢,༡༤༩ (ཨམ་སྲུ་༢༠༥,༢༤༧ ཕོ་རྒས་༡༩༦,༩༠༢)

. ཚོགས་རྒྱན་སྐྱུར་ཡོད་མི་ཡོངས་བསྡོམས་= ༢༢༤,༤༨༤

. ཚོགས་རྒྱན་འཕྲུལ་ཆ་= ༡༨༩,༤༣༣

. འགྲེམ་ཐོག་རྒྱན་ཤོག་= ༣༥,༠༥༡

. ཚོགས་རྒྱན་སྐྱུར་བར་འོང་མི་ བརྒྱ་ཆ་= ༥༥.%

མཐའ་དཔྱད་ཀྱི་གྲུབ་འབྲས་ཁ་གསལ་ཚུ་ བརྡ་འཕྲིན་ཨང་ཨི་སི་བི་/སི་ཨི་སི་/བརྡ་འཕྲིན་༠༡/༢༠༡༦/༦༡༢ སྤྱི་ཚེས་༢༨༢༠༡༦ ཅན་མའི་ཐོག་གསལ་སྟོན་འབད་དེ་ཡོདཔ་མ་ཚད་ བཙག་འཐུ་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་ https://www.ecb.bt/lg2016  ཐོག་ལས་ཡང་ གཟིགས་ཚུགས།

བཙག་འཐུ་གྲུབ་པའི་འདེམས་ངོ་ཚུ། 

འདེམས་ངོ་བསྡོམས་༡༤༢༣ ཚུ་ ས་གནས་གཞུང་གི་མི་སྡེའི་འགོ་ཁྲིདཔ་ལུ་ བཙག་འཐུ་གྲུབ་ཡོད་མི་ཚུ་ གཤམ་ལྟར་ཨིན་མི་ཡང་

  • རྒཔོ་༢༠༥ ལས་ ཨམ་སྲུ་༢ (བརྒྱ་ཆ་༡) དང་ ཕོ་རྒས་༢༠༣ (བརྒྱ་ཆ་༩༩) ཨིན་མས།
  • དམངས་མི་༢༠༣ ལས་ ཨམ་སྲུ་༢༣ (བརྒྱ་ཆ་༡༡) དང་ ཕོ་རྒས་༡༨༠ (བརྒྱ་ཆ་༨༩) ཨིན་མས།
  • རྒེད་འོག་ཚོགས་སྡེ་ཚོགས་པ་༩༩༩ ལས་ ཨམ་སྲུ་༡༣༠ (བརྒྱ་ཆ་༡༣) དང་ ཕོ་རྒས་༨༦༩ (བརྒྱ་ཆ་༨༧) ཨིན་མས།
  • ཁྲོམ་དཔོན་༡ ཕོ་རྒས།
  • ཁྲོམ་སྡེ་ཚོགས་སྡེ་ཚོགས་པ་༥ ལས་ ཨམ་སྲུ་༢ (བརྒྱ་ཆ་༤༠) དང་ ཕོ་རྒས་༣ (བརྒྱ་ཆ་༦༠)ཨིན་མས།
  • ཁྲོམ་སྡེ་ངོ་ཚབ་༡༠ ལས་ ཨམ་སྲུ་༢ (བརྒྱ་ཆ་༢༠) དང་ ཕོ་རྒས་༨ (བརྒྱ་ཆ་༨༠) ཨིན་མས།

འདེམས་ངོ་ཚུའི་ཤེས་ཡོན་བརྡ་དོན།   

ཁྲིམས་ལུགས་ཀྱི་དགོས་མཁོ་ལྟར་ འབྲི་ལྷག་ཤེས་ཡོན་ཅན་ཚུ་གིས་མ་ཚད་པར་ བཙག་འཐུ་ལས་གྲུབ་ཡོད་མི་འདེམས་ངོའི་ཤེས་ཚད་ཚུ་ གཤམ་འཁོད་ལྟར་ཨིན་མི་ཚུ་ཡང་

. མཐོ་རིམ་ཤེས་ཚད་ཅན་          ༡༥༠   ཡོད་མི་ལས་༤༠།

. སློབ་གྲྭ་ཆེ་བའི་ཤེས་ཚད་ཅན་       ༩༨༡   ཡོད་མི་ལས་༤༩༤།

. ཆུང་རིམ་ཤེས་ཚད་ཅན་          ༦༩༧ ཡོད་མི་ལས་༣༢༤།

. གཞི་རྟེན་གཞི་ཤེས་ཡོན་ཅན་       ༣༣༢ ཡོད་མི་ལས་༡༣༧།

བཙག་འཐུ་ལས་གྲུབ་པའི་འདེམས་ངོ་ཡོངས་བསྡོམས་༡༤༢༣ ཡོད་མི་ལས་ འདེམས་ངོ་༤༣༢ ཚུ་ ཧེ་མའི་ས་གནས་གཞུང་གི་བཙག་འཐུ་ཅན་གྱི་གོ་གནས་འཆང་མི་ཚུ་ཨིན་མས།

མི་གོ་གི་ཚོགས་རྒྱན་དང་ འདྲ་མཉམ་གྱི་ཚོགས་རྒྱན།    

དོ་འགྲན་མེད་པའི་བཙག་འཐུ་༣༣༠ ཡོད་མི་ལས་ དགོ་ ཡང་ན་ མི་དགོ གི་ཚོགས་རྒྱན་བཙུགས་སྐབས་ འདེམས་ངོ་བསྡོམས་༡༢ (ཨམ་སྲུ་༡ དང་ ཕོ་རྒས་༡༡ ལུ་) མི་དགོ་ གི་ཚོགས་རྒྱན་མངམ་སྦེ་འཐོན་ནུག།

རྫོང་ཁག་༢༠ གི་ནང་ འདེམས་ཁོངས་ ༡༣ གི་ནང་ལུ་ ཚོགས་རྒྱན་གྱི་གྲུབ་འབྲས་ འདྲ་མཉམ་འཐོན་ཡོདཔ་ལས་ ཚོགས་རྒྱན་བསྐྱར་ལོག་འདྲེན་འཐབ་དགོཔ་ཡོད།

རྩོད་རྙོགས།    

ད་རེས་ཀྱི་བཙག་འཐུའི་སྐབས་ རྩོད་རྙོགས་བསྡོམས་༡༦ བྱུང་ཡོད་མི་ཚུ་ འབྲེལ་ཡོད་རྫོང་ཁག་བཙག་འཐུའི་རྩོད་རྙོགས་སེལ་ཐབས་ལས་སྡེ་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་ལས་སྡེ་ལྟེ་བ་ དེ་ལས་ ལྷན་ཚོགས་ཚུ་གིས་སེལ་ཏེ་ཡོད། འཛོམས་འདུ་དང་འབྲེལ་བའི་རྩོད་རྙོགས་ལྔ་ ངན་ལྷད་དང་འབྲེལ་བའི་རྩོད་རྙོགས་ཁག་བདུན་ ཀུན་སྤྱོད་རྣམ་གཞག་ལས་འགལ་བའི་རྩོད་རྙོགས་ཁག་བཞི་ དེ་ལས་ འདེམས་ངོའི་ཁྱད་ཚད་ལས་འགལ་བའི་རྩོད་རྙོགས་ཁག་བཞི་འཐོན་ཏེ་ཡོད།

རྒེད་འོག་༢༠༥ བསམ་གྲུབ་ལྗོགས་མཁར་ཁྲོམ་སྡེ་ཚོགས་པ་ དེ་ལས་ རྫོང་ཁག་༡༣ ནང་གི་ཁྲོམ་སྡེ་ངོ་ཚབ་༡༣ གྱི་ ས་གནས་གཞུང་གི་བཙག་འཐུ་འདི་ནང་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ ལེགས་ཤོམ་སྦེ་བཅའ་མར་གཏོགས་ཡོདཔ་ལས་བརྟེན་ ག་ནི་བ་ལེགས་ཤོམ་སོང་སྟེ་ཡོད་པའི་ སྙན་ཞུ་འབདཝ་ཨིན།

ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པའི་བཙག་འཐུ་༢༠༡༦ འདི་ ས་ཁོངས་ཁག་༡༠ ནང་ལུ་ ཚོགས་རྒྱན་འཕྲུལ་ཆ་དང་འབྲེལ་བའི་བྱ་སྟབས་མ་བདེཝ་ དུམ་གྲ་རེ་བྱུང་ཡོདཔ་མ་གཏོགས་ གཞན་རྫོང་ཁག་ཉི་ཤུ་ག་ར་ནང་ལུ་རང་ བྱ་སྟབས་མ་བདེ་བའི་གནད་དོན་ཚུ་ ག་ནི་ཡང་མ་འཐོན་པར་ ག་ནི་བ་ལེགས་སོང་སྟེ་ཡོད། ཚོགས་རྒྱན་འཕྲུལ་ཆ་ལག་ལེན་འཐབ་མི་ལས་བྱེདཔ་ཚུ་གིས་ ལག་ལེན་འཐབ་སྐབས་ དུམ་གྲ་རེ་ནོར་འཕྲུལ་བྱུང་མི་ཚུ་དང་ ཚོགས་རྒྱན་འཕྲུལ་ཆས་གསརཔ་དང་ རྙིངམ་སླ་བསྲེ་སོང་ཡོད་མི་ལས་བརྟེན་ དུམ་གྲ་རེ་ལག་ལེན་འཐབ་མ་བཏུབ་པའི་གནད་དོན་བྱུང་ཡོད་མི་ཚུ་ དེ་འཕྲོ་ལས་རང་ དཀའ་ངལ་ཚུ་སེལ་སྟེ་ཡོད།

ཨིན་རུང་ བསམ་རྩེ་རྫོང་ཁག་ རྡོ་ཕུག་ཅན་ དྭངས་རས་སྦུག་རྔ་སྒང་སྤྱི་འོག་ལུ་ དམངས་མི་གི་དོན་ལས་ ལག་ལེན་འཐབ་པའི་ཚོགས་རྒྱན་འཕྲུལ་ཆ་འདི་ལུ་ ཚོགས་རྒྱན་སྐྱུར་མིའི་མི་གྲངས་༥༧ གྱིས་ ཚོགས་རྒྱན་བཙུགས་ཏེ་འགྱོ་ཚར་བའི་ཤུལ་ལུ་ ཚོགས་རྒྱན་འཕྲུལ་ཆ་འདི་གིས་ ལཱ་འབད་མ་བཏུབ་པའི་དཀའ་ངལ་ཅིག་འཐོན་པའི་ཤུལ་ ཚོགས་རྒྱན་འཕྲུལ་ཆ་གསརཔ་ཅིག་གིས་ཐོག་ལུ་ ཧེ་མའི་ཚོགས་རྒྱན་སྐྱུར་མི་ཚུ་ ལོག་འབོ་སྟེ་ཚོགས་རྒྱན་བཙུགས་པའི་སྐབས་ ཚོགས་རྒྱན་འདི་ཕྱི་རུའི་ཆུ་ཚོད་༨ ཚུན་ལུ་ཕར་བགྱང་འབད་དེ་ ཚོགས་རྒྱན་སྐྱུར་དགོཔ་ཅིག་བྱུང་ཡི། མོང་སྒར་རྫོང་ཁག་ ཐང་རོང་རྒེད་འོག་གི་ ཨ་ཏོ་ལ་སྤྱི་འོག་ནང་ ཚོགས་པ་གི་དོན་ལུ་ལག་ལེན་འཐབ་པའི་ ཚོགས་རྒྱན་འཕྲུལ་ཆ་འདི་ གྲུབ་འབྲས་གསལ་སྟོན་འབད་མ་བཏུབ་ལས་ སྤྱི་འོག་དེ་ནང་གི་ཚོགས་རྒྱན་འདི་ ས་སྟོང་ཡོད་མི་འདེམས་ཁོངས་ཚུ་ནང་ ཚོགས་རྒྱན་འགོ་འདྲེན་འཐབ་པའི་སྐབས་ བསྐྱར་ལོག་འགོ་འདྲེན་འཐབ་ནི་ཨིན། སྤ་རོ་ལུ་ ཁྲོམ་སྡེ་ངོ་ཚབ་གི་གོ་གནས་ལུ་ དོ་འགྲན་མེད་པའི་བཙག་འཐུའི་འདེམས་ངོ་འདི་ ཉེས་འགེལ་གྱི་བཙན་ཁྲིམས་སྨིན་པའི་ཟིན་ཐོའི་གསལ་སྟོན་བྱུང་ཡོདཔ་ལས་ འདེམས་ངོའི་ཁྱད་ཚད་ལས་འགལ་ཡོད་མི་ལུ་ ཆ་མེད་བཏང་ཡོདཔ་མ་ཚད་ འདི་གི་བཙག་འཐུའི་གྲུབ་འབྲས་འདི་ཡང་ ཆ་མེད་བཏང་ཡི།

ས་གནས་གཞུང་གི་འདེམས་ཁོངས་ལས་ འདེམས་ཁོངས་བསྡོམས་ ༧༡ (སྤྱི་འོག་༤༡ ཁྲོམ་སྡེ་ངོ་ཚབ་༤ ཚོགས་རྒྱན་འདྲ་མཉམ་འཐོན་མི་༡༣ “མི་དགོ” གི་ཚོགས་རྒྱན་མང་ཤོས་ཐོབ་མི་༡༢ དང་ ཚོགས་རྒྱན་ལོག་འགོ་འདྲེན་འཐབ་དགོཔ་༡) ནང་འདེམས་ཁོངས་ས་སྟོང་ཞུགས་ཡོདཔ་ལས་ འདི་ཚུ་ནང་ལུ་ བཙག་འཐུ་ཚུ་ འོས་འབབ་ཅན་གྱི་དུས་ཚོད་ཅིག་ནང་ འགོ་འདྲེན་འཐབ་ནི་ཨིན།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ཁ་ཐུགས་ལས་ རྫོང་ཁག་༢༠ ནང་གི་ ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པ་འདི་ དེ་ཅིག་མཐར་འཁྱོལ་ཅན་ལུ་གྱུར་ཡོད་མི་འདི་ ཚོགས་རྒྱན་བཙུགས་པར་འོང་མི་ཚུ་དང་ ལྷག་བསམ་རྣམ་དག་དང་ དང་འདོད་སྦོམ་བསྐྱེད་དེ་ འཚེར་སྣང་མེད་པར་ སྤྱི་ལྕོགས་གང་ལྕོགས་ཀྱི་ཕྱག་ཕྱིད་ཞུ་ཡོད་པའི་བཙག་འཐུའི་འགོ་དཔོན་ཚུ་ བདེ་སྲུང་ལས་བྱེདཔ་ ཚོགས་རྒྱན་འགོ་དཔོན་ཚུ་གི་བཀྲིན་ལས་བརྟེན་ཨིན། ལྷག་པར་དུ་ཡང་ བཙག་འཐུ་ལྷན་ཚོགས་ལུ་ བྱ་སྒོ་འཐབ་ནི་དོན་ལས་ ལྷན་ཁག་ ལས་ཁུངས་ རྫོང་ཁག་/དྲུང་ཁག་/ ཁྲོམ་སྡེའི་བདག་སྐྱོང་དང་བརྡ་བརྒྱུད་ཚུ་གིས་ གྲོགས་རམ་གང་དྲག་མཛད་ཡོད་མི་ཚུ་ལས་བརྟེན་ཨིན། ང་བཅས་ཆ་མཉམ་གྱིས་རང་ ནུས་སྟོབས་ཅན་གྱི་དམངས་གཙོའི་རིང་ལུགས་ལུ་འགྱུར་ནི་དོན་ལས་ ལྷག་བསམ་རྣམ་དག་གི་འགན་ཁུར་ཚུ་ སྤྱི་རུབ་ཐོག་འབག་སྟེ་ཡོད་མི་ཚུ་དང་ དེ་གི་ནང་ལས་ཡང་ ཚོགས་རྒྱན་བཙུགས་ནི་འདི་ རྟེན་འབྲེལ་གསུམ་ལྡན་གྱི་དམིགས་བསལ་ཅན་གྱི་ལོ་འདི་ལུ་ ཚུལ་མཐུན་གྱི་གུས་བཏུད་ཞུ་བའི་བརྡ་མཚོན་བཟང་པོ་སྟོནམ་ཨིན།

འདི་གི་ནང་ལས་ཡང་ ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པ་འདི་ ག་ནི་བ་མཐར་འཁྱོལ་ཅན་འགྱུར་ནི་ལུ་ ཕན་རླབས་ཡངས་པའི་ཐུགས་སྨོན་གྱི་བཀྲིན་བསྐྱང་གནང་མི་ འབྲུག་མི་ཡོངས་ཀྱི་བསོད་ནམས་གོ་སྐལ་བཟང་པོ་ལུ་ ཞུགས་གནང་བའི་བཀྲིན་ཅན་གྱི་གོང་མ་རིན་པོ་ཆེ་ མི་དབང་མངའ་བདག་རིན་པོ་ཆེ་ཞབས་དང་ ཐུགས་ཀྱི་མཁྱེན་རབས་ཡངས་པའི་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དེ་ལས་སྨན་ལྗོངས་ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་མཁན་ཆེན་མཆོག་དང་ ཆོས་སྡེ་ཁག་ཚུ་ལུ་ བཙག་འཐུ་ལྷན་ཚོགས་ཀྱི་ཁ་ཐུགས་ལས་ སྒོ་གསུམ་གཡོ་བ་མེད་པའི་ཐོག་ལས་ གུས་གཏུད་ཀྱི་དགའ་ཚོར་ ལྷག་བསམ་རྣམ་དག་གི་ཐོག་ལས་ཕུལཝ་ཨིན།

 

འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།