- ༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་ཡོངས་ལུ་བརྡ་འཕྲིན་སྤེལ་ནི་འདི་ཡང་ སྤྱི་ཚེས་༩-༢-༢༠༡༨ ལུ་ འབྲུག་དགའ་སྐྱིད་ཚོགས་པ་ཟེར་བའི་ དང་འདོད་ཅན་གྱི་སྲིད་དོན་ཚོགས་པ་སྦེ་ ཐོ་བཀོད་འབད་ནི་ལུ་ ཞུ་ཡིག་འབྱོར་ཏེ་ཡོད་མི་དེ་ དཔལ་ལྡན་འབྲུག་པའི་རྩ་ཁྲིམས་ཆེན་མོ་དང་ བཙག་འཐུ་དང་འབྲེལ་བའི་ཁྲིམས་ལུགས་ཚུ་གི་དགོངས་དོན་ཚུ་ལས་ འགལ་བ་ཡོད་མེད་ཀྱི་བརྟག་ཞིབ་དང་ བསྐྱར་ཞིབ་ཀྱི་ལམ་ལུགས་དང་འཁྲིལ་འབད་ཡི། མཐའ་དཔྱད་ཀྱི་གྲོས་ཐག་མ་ཆོད་པའི་སྔ་གོང་ ཞུ་ཡིག་ཕུལ་མི་ལུ་ ཁ་གསལ་གྱི་བསམ་ལན་བཀོད་དགོཔ་མ་ཚད་ བསྐྱར་ཞིབ་ཀྱི་ཡིག་ཆ་ཚུ་ཕུལ་ནི་ལུ་ཡང་ དུས་ཚོད་ཀྱི་གོ་སྐབས་ཚུ་ ལངམ་སྦེ་རང་བྱིན་ཏེ་ཡོད།
ཞུ་ཡིག་འདི་གི་ནང་དོན་དང་འཁྲིལཝ་དང་ དམིགས་བསལ་གྱི་ཚ་གྱང་ལང་དགོ་པའི་ གལ་གནད་ཅན་གྱི་རྣམ་པ་ཚུ་ཡང་
༡. འཐུས་མི་འགན་དབང་།
ཞུ་ཡིག་ཕུལ་མི་ཚོགས་པ་འདི་གིས་ ཐོ་བཀོད་གྲུབ་པའི་འཐུས་མི་༣༠༨ ཡོད་པའི་ མཐའ་དཔྱད་ཀྱི་ཐོ་ཅིག་ཕུལ་ཏེ་ཡོད་རུང་ མིང་གསལ་ལ་ལུ་ཅིག་ བཙག་འཐུའི་ཐོ་ཡིག་ནང་མེད་མི་ མིང་གསལ་ལ་ལུ་ཅིག་ ཆོས་སྒོར་ཞུགས་མི་གྲངས་སུ་བཀོད་དེ་ཡོད་མི་ དེ་ལས་ མིང་གསལ་ལྟར་དུ་མེད་མི་དང་ འདེམས་ཁོངས་ཀྱི་ནོར་བ་ཚུ་ཡོད་པའི་ ཚུལ་མཐུན་མེད་པའི་གནད་དོན་ཁག་ ༢༩ ཡོད་པའི་ཤེས་རྟོགས་བྱུང་ཡི།
༢. འོས་འབབ་ཅན་གྱི་འདེམས་ངོ།
མཐའ་དཔྱད་ཀྱི་ཐོ་ནང་ འོས་འབབ་ཅན་གྱི་འདེམས་ངོ་༢༥ ཡོད་མི་གི་གྲངས་ལས་ འདེམས་ངོ་གཉིསཔོ་དེ་ ཚོགས་པ་འདི་གི་ཐོ་བཀོད་གྲུབ་པའི་འཐུས་མི་གྲལ་ལུ་མེདཔ་དང་ གཅིགཔོ་དེ་ཕོའི་དབྱེ་བ་ཟེར་ཕུལ་ཡོད་རུང་ བཙག་འཐུའི་ཐོ་ཡིག་ནང་ མི་ངོ་སོ་སོ་མོ་ཅིག་གི་མིང་ཐོན་དོ་ཡོད་པའི་སྐོར་ ཞུ་བ་ཕུལ་མི་ཚོགས་པ་དེ་ལུ་བརྡ་དོན་འབད་དེ་ཡོད་རུང་ དག་བཅོས་ཀྱི་ཐོ་འདི་ ཐོབ་མ་ཚུགས།
འདེམས་ཁོངས་༤༧ གྱི་ ཕྱེད་ཀ་ནང་ལུ་རང་ འོས་འབབ་ཅན་གྱི་འདེམས་ངོ་ཚུ་མིན་འདུག། ཐོ་ཕུལ་ཏེ་ཡོད་པའི་འདེམས་ངོ་ཚུའི་ བཅུད་བསྡུས་ཀྱི་ངོ་སྤྲོད་ལོ་རྒྱུས་འདི་ལུ་བལྟ་བའི་སྐབས་ འདེམས་ངོ་༢༠ དེ་ སྐྱེས་ལོ་༢༥ ལས་ ༣༥ གི་སྡེ་རིམ་ནང་ཨིནམ་དང་ འདེམས་ངོ་བཞི་དེ་ སྐྱེས་ལོ་༣༥ ལས་༤༥ གི་སྡེ་རིམ་ནང་དང་ འདེམས་ངོ་གཅིག་རྐྱངམ་ཅིག་ སྐྱེས་ལོ་༤༦ ལང་རུང་ གཞུང་སྐྱོང་ ཡང་ན་ མི་མང་ཡིག་ཚང་ ཡང་ན་ ཡུན་བརྟན་གནས་པའི་ལཱ་འགན་ཅིག་ནང་ དབུ་ཁྲིད་ཀྱི་ཉམས་མྱོང་ཡོདཔ་ལུ་ མི་མང་མངོན་གསལ་ཆེ་བའི་གསལ་སྟོན་ཚུ་ ག་ནི་ཡང་འབད་འབདཝ་ཡོདཔ་ལུ་མ་མཐོང་།
༣. ཚོགས་པའི་སྒྲིག་ཡིག།
ཚ་གྱང་ཆེ་ཤོས་འདི་རང་ ཚོགས་པའི་ལྟ་བ་འདི་ལུ་བྱུང་ཡོད་མི་དེ་ཡང་ རྒྱལ་ཡོངས་ཀྱི་གོང་འཕེལ་ལུ་ ལག་ལེན་དངོས་འཐབ་ཀྱི་ལཱ་འགན་འདི་ བཏགས་སར་ག་སྟེ་འབད་བཀལ་ནི་ཨིན་ན་གི་སྐོར་ལས་ སྤྱིར་བཏང་གིས་མནོ་དོན་ཐོག་ལས་མ་གཏོགས་ ཁ་གསལ་འབད་ ག་ནི་ཡང་བཀོད་བཀོདཔ་མེདཔ་ལས་བརྟེན་ རྒྱལ་ཡོངས་ཀྱི་འགན་དབང་གྲུབ་ནི་ནང་ གྲ་སྒྲིག་ག་ནི་ཡང་མེདཔ་ལུ་མཐོང་ཡི།
དེ་འབདཝ་ལས་བརྟེན་ བཙག་འཐུ་ལྷན་ཚོགས་ལས་ སྡེ་ཚན་འདི་གིས་ ཁྱད་ཚད་ལ་ལུ་ཅིག་གྲུབ་སྟེ་ཡོད་པའི་བརྩོན་ཤུགས་དེ་ལུ་ ངལ་རངས་ཡོད་རུང་ གལ་གནད་ཆེ་བའི་ཚ་གྱང་དང་ གནད་དོན་ཚུ་ཡང་ཡོདཔ་ལུ་མཐོང་ཡི།
འདི་ཚུ་གི་གྲལ་ལས་ འདེམས་ཁོངས་ཕྱེད་ཀ་གི་ནང་ལུ་རང་ འོས་འབབ་ཅན་གྱི་འདེམས་ངོ་མེད་པའི་གནད་ལས་བརྟེན་ གཞུང་སྐྱོང་དབུ་ཁྲིད་ཀྱི་ཚ་གྱང་ལང་དགོཔ་བྱུང་ཡོདཔ་མ་ཚད་ རྒྱལ་ཡོངས་ཀྱི་གནས་ཚད་ལུ་ ལྕོགས་གྲུབ་ལྡན་པའི་དབུ་ཁྲིད་ཀྱི་མངོན་གསལ་ཅན་ ཡང་ན་ མི་མང་འགན་ཁུར་གྱི་གོ་གནས་འཆང་མི་དང་ ཆེ་རིམ་གནས་ཚད་ཀྱི་དབང་འཛིན་ལྡན་པའི་ཉམས་མྱོང་ཅན་གྱི་ མི་ངོམ་ཕུད་རྡོག་ཅིག་རང་མིན་འདུག། གལ་གནད་ཆེ་བའི་ཚ་གྱང་གཞན་མི་ཚུ་ཡང་ མགྱོགས་པ་རང་འགོ་འདྲེན་འཐབ་ནི་ཨིན་པའི་ བཙག་འཐུའི་ནང་དོ་འགྲན་འབད་ནི་ལུ གྲ་སྒྲིག་མེད་པའི་གནས་སྟངས་འདི་ཨིན་པས། ཐོ་བཀོད་གྲུབ་པའི་སྲིད་དོན་ཚོགས་པ་ཅིག་ཨིན་པའི་ འོས་འབབ་སྟོན་དགོཔ་ངོ་མ་ཅིག་དང་ གྲ་སྒྲིག་ཡོད་པའི་ཐོ་བཀོད་གྲུབ་པའི་སྲིད་དོན་ཚོགས་པ་ ག་འབད་རུང་ཅིག་གི་གྲུབ་འབྲས་འདི་ གཞུང་སྐྱོང་གི་དབུ་ཁྲིད་འགན་ཁུར་འབག་ཚུགསཔ་ ཡང་ན་ སྤྱི་ཚོགས་ནང་མཐོང་རྒྱ་ཆེ་བའི་ལཱ་འགན་འབག་ཚུགས་པའི་ བརྡ་སྟོན་ཚུ་ཁག་ཆེ་རུང་ ཞུ་བ་ཕུལ་མི་ཚོགས་པ་གིས་ག་ནི་ཡང་མངོན་གསལ་མི་འབད་བས།
དེ་འབདཝ་ལས་བརྟེན་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ཚེས་༡༥-༣-༢༠༡༨ ལུ་ འཚོགས་ཡོད་པའི་ཞལ་འཛོམས་ནང་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་ ༡༣༩ (ཀ) པ་དང་ ༡༤༠ པ་དང་འཁྲིལ་ འབྲུག་རྒྱལ་ཁབ་འདི་ནང་ སྲིད་དོན་ཚོགས་པ་ཅིག་ཨིནམ་ལུ་ ཞུ་བ་ཕུལ་མི་སྡེ་ཚན་འདི་གི་ཐོ་བཀོད་འདི་ལུ་ ངོས་ལེན་མེད་པའི་གྲོས་ཐག་ཆོད་ཏེ་ཡོད།
རང་ལུགས་གནམ་ལོ་ ས་ཕོ་ཁྱི་ལོ་ཟླ་དང་པའི་ཚེས་སུམ་ཅུའམ་ སྤྱི་ལོ་༢༠༡༨ ཟླ་༣ པའི་ཚེས་༡༧ ལུ་སྤེལ།
(ཆོས་རྒྱལ་ཟླ་སྒོ་རིག་འཛིན་)
འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།