༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་ཡོངས་ལུ་ཞུ་དོན་འདི་ཡང་ ས་གནས་གཞུང་གི་བཙག་འཐུ་༢༠༡༦ གི་དོན་ལུ་ རྫོང་ཁག་ཚུ་ལས་ འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་ཀྱི་ ཞུ་ཡིག་མང་རབས་ཅིག་ལྷོད་དེ་ཡོདཔ་ལས་ དང་འདོད་ཡོད་པའི་མི་ངོམ་ཚུ་ལུ་ རྫོང་ཁག་རེ་རེ་ནང་ བརྟག་དཔྱད་ལྟེ་བ་རེ་གི་ནང་ལུ་ འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་ ད་རུང་ཚར་གཅིག་ འགོ་འདྲེན་འཐབ་ནི་མཐུན་རྐྱེན་སྒྲིག་ནི་ཨིན།
དེ་འབདཝ་ལས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལས་ དང་འདོད་ངེས་ཏིག་ཡོད་པའི་མི་ངོམ་ཚུ་གིས་ བརྟག་དཔྱད་ནང་བཅའ་མར་གཏོགས་ནི་ལུ་ འབྲེལ་ཡོད་རྫོང་ཁག་བཙག་འཐུ་ཡིག་ཚང་ནང་ སྤྱི་ཚེས་༡༥-༠༧-༢༠༡༦ (རེས་གཟའ་སྤེན་པ་) ལས་མ་ཕྱི་བར་ ཐོ་བཀོད་མཛད་གནང་དགོ་པའི་མགྲོན་བརྡ༌འབདཝ༌ཨིན། བརྟག་དཔྱད་འདི་ སྤྱི་ཚེས་༡༩-༠༧-༢༠༡༦ (རེས་གཟའ་ལྷག་པ) ལུ་ འབྲེལ་ཡོད་རྫོང་ཁག་ནང་ འགོ་འདྲེན་འཐབ་ནི་ཨིན།
རང་ལུགས་གནམ་ལོ་མེ་ཕོ་སྤྲེལ་ལོ་ ཟླ་དྲུག་པའི་ཚེས་གཅིག་གམ་ སྤྱི་ལོ་༢༠༡༦ ཟླ་༠༧ པའི་ཚེས་༥ ལུ་སྤེལ།
འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།